Saturday, February 20, 2021

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་ རྒྱུད་ཅེས་བྱ་བ་བཞུགས་སོ། །

The Third Part Called The Oral Instuction Tanta From The Secret Quintessential Instructions

On The Eight Branches Of The Ambrosia Essence Tantra.

.

ལེའུ་དང་པོ། མན་ངག་་རྒྱུད་ཞུས་པ།

 ༄༅། །དེ་ནས་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དགོས་འདོད་འབྱུང་བ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ལྟེ་བ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕོངས་པའི་སྡུག་བསྔལ་བསལ། ཕྱི་ནང་གི་ནད་ཐམས་ཅད་ཞི་བར་བྱས་ཏེ་སླར་སྐུའི་ལྟེ་བར་འདུས་པ་ལས། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཡོན་ཏན་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་པ་ལས།

   གསུང་གི་སྤྲུལ་པ་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །རྒྱས་པར་བཤད་རྒྱུད་དེ་ལྟར་གསུངས་ལགས་ན། །མན་ངག་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།

  ཡོན་ཏན་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། གསུམ་པ་མན་ངག་རྒྱུད་ལ་བསླབ་པ་ནི། །འགྲོ་མཆོག་གཙོ་བོར་གྱུར་པའི་མི་ལུས་ཀྱང༌། །མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམ། །གཏི་མུག་དབང་གིས་སྐྱོན་ཡོན་རྒྱུ་མ་ཤེས། །འདོད་པའི་དབང་གིས་སྡིག་པའི་ལས་མང་སྤྱད། །ཞེ་སྡང་དབང་གིས་གཞན་ལ་གནད་དུ་བཙུགས། །ཕྲག་དོག་དབང་གིས་མཐོ་ལ་འགྲན་སེམས་བསྐྱེད། །ང་རྒྱལ་དབང་གིས་དམའ་ལ་ཁྱད་དུ་བསད། །རིག་པ་སྤྱང་པས་རྩོམ་པ་ཀུན་ལ་འཇུག །མདོ་དོན་ཆུང་བས་ཡུན་གྱི་སྲིད་མ་རྙེད། །ལས་ངན་བག་ཆགས་རྒྱུན་འཁྲིགས་བསགས་པ་ཡིས། །འཁོར་བའི་ཁ་བརྒྱུད་ལུས་ངན་སྣ་ཚོགས་བླངས། །དེ་ཕྱིར་ལས་དང་ཉེས་པ་ལས་བྱུང་བའི། །བཞི་བརྒྱ་རྩ་བཞིའི་ནད་དུ་གྲགས་པ་ཡིས། །བདེ་བའི་བར་སྐབས་མེད་པར་ལུས་སེམས་གདུངས།

   དེ་ལ་ཉེས་པ་ཁོང་ནད་ཚད་པ་དང༌། །ལུས་སྟོད་དོན་སྣོད་གསང་བ་ཐོར་བུའི་ནད། །ལྷན་སྐྱེས་རྨ་བརྒྱད་ལུས་སྤྱིར་གསོ་བ་སྟོན།

   བྱིས་པ་མོ་ནད་གདོན་མཚོན་དུག་ནད་དང༌། །རྒས་པ་རོ་ཙ་ཡན་ལག་བརྒྱད་པོ་ཡིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི། །ནད་ཀྱི་རིགས་སུ་གྱུར་པའི་བཅོས་ཐབས་ཀུན། །ལག་ལེན་མན་ངག་རྒྱུད་ཆེན་འདི་ནང་དུ། །བརྩེ་བའི་སེམས་ཀྱིས་དྲང་སྲོང་ཁྱོད་ལ་བཤད། །གུས་པས་ཉོན་ལ་ཡིད་ལ་ཟིན་པར་གྱིས། །དྲེགས་མེད་བྱམས་པའི་སེམས་ཀྱིས་ནད་པ་གསོས།

  ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །བློ་རབ་དོན་དུ་རྩ་རྒྱུད་མདོར་བསྟན་བཤད། །བློ་འབྲིང་དོན་དུ་བཤད་རྒྱུད་རྒྱས་པར་བཤད། །ཐ་མའི་དོན་དུ་ཤིན་ཏུ་རྒྱས་པ་ཡི། །དམར་ཁྲིད་ལག་ལེན་གཅིག་ཏུ་ཁྲིགས་བསྡེབས་པའི། །མན་ངག་རྒྱུད་འདི་བཅོ་ལྔའི་སྐབས་ཀྱིས་དབྱེ། །དེ་ལ་རླུང་མཁྲིས་བད་ཀན་སྣ་དྲངས་ནས། །ནད་རིགས་གང་ལ་གསོ་ཐབས་གང་དགོས་པ། །ཁྱོད་ཀྱིས་དྲིས་ཤིག་ང་ཡིས་བཤད་ལུང་སྦྱིན། །ཞེས་གསུངས་པ་དང༌།

  དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཁྱོད་ནི་འགྲོ་ཀུན་དཔལ་དུ་ཤར་བས་ན། །དང་པོར་མདོ་གནས་རྩ་རྒྱུད་བསྡུས་པར་གསུངས། །དེས་མ་ཁྲོལ་ལ་བཤད་རྒྱུད་རྒྱས་པར་གསུངས། །ད་ནི་དེ་ཡི་ལག་ལེན་མན་ངག་རྒྱུད། །སྐབས་ཀྱི་དབྱེ་བ་བཅོ་ལྔར་གསུངས་པ་ལས། །ཉེས་གསུམ་གསོ་བའི་སྐབས་ལ་ཇི་ལྟར་བསླབ། །རླུང་དང་མཁྲིས་པ་བད་ཀན་རྣམ་གསུམ་གྱི། །རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་རྣམས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཀྱེ་ཧོ་འགྲོ་བའི་དོན་དུ་བཤད་དུ་གསོལ། །གྲོགས་ཀྱི་དམ་པར་དགོངས་ལ་བཤད་དུ་གསོལ། ཅེས་ཞུས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མན་ངག་རྒྱུད་ཞུས་པའི་ལེའུ་སྟེ་དང་པོའོ།། །།