ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།

 

ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། མགུལ་ནད་ལྦ་བ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བསྟན།། རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྐེའི་ལྦ་བ་སྐྱེད་པར་བྱེད།།

དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་ཚིལ། །འདུས་པའི་ལྦ་བ་གཡང་ལྦ་བྱུར་ལྦ་བརྒྱད།།

དེ་རྟགས་རླུང་གྱུར་ལྦ་བ་མགོ་མང་ཁོང་སྟོང་ཞིང༌། མཁྲིས་པའི་ལྦ་བ་ཕུར་ཚེ་ཆུང་ལ་སྙི། ཁྲག་ལྦ་དྲོད་བཅུད་དྲག་ཤུལ་རྐྱེན་གྱིས་སྐྱེ།  བད་ཀན་སྲ་མཁྲེགས་དལ་དུས་སྐྱེ་བར་བྱེད། ། ཚིལ་ལྦ་སྐྱེ་འགག་སྐྱེ་འབྲི་ཆེ་བ་སྟེ། འདུས་པའི་ལྦ་བ་དབུགས་བསུབ་ངར་ངར་འབྱུང༌། གཡང་ལྦ་བདེ་ལ་དབྱིབས་ལེགས་བཀྲ་ཤིས་ལྡན། བྱུར་ལྦ་མི་བདེ་མི་སྡུག་བཀྲ་མི་ཤིས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས།

སྤྱི་བཅོས་ཚ་བ་སྨན་ཆང་ཕྱེ་མ་དང༌། །དཔྱད་དང་སྔགས་དང་ལོག་གནོན་དྲུག་གིས་བཅོས། དང་པོ་གཡག་རྒོད་ཨོལ་མདུད་སོགས་པའི། །  ཨོལ་པ་སྣ་ཚོགས་མ་རུལ་མ་བམ་པ། །ཚྭ་སྣ་སུག་སྨེལ་ཟི་ར་སླེ་ཏྲེས་རྣམས། །ཞིབ་བརྡུངས་བཙོས་ཏེ་ལྟོ་རུ་བསྟེན་པས་འཇོམས།

སྨན་ཆང་ཨོལ་མདུད་རྣམ་པ་སྣ་ཚོགས་དང༌། ། སྨན་སྒ་ཉ་ཤ་བཟང་དྲུག་ཤིང་ཚ་དང༌། །ལྦ་ཚྭ་རུ་རྟ་ཨུཏྤལ་ཆུ་ལ་བསྡུས། ། ཆང་སྦྱར་མནན་ཏེ་ལངས་ནས་སྐོམ་དུ་བསྟེན།

ཕྱེ་མ་ཨོལ་མདུད་སྣ་ཚོགས་བཟང་པོ་དྲུག  །ཝ་ཚྭ་ཤིང་ཚ་རྒྱམ་ཚྭ་ཚ་བ་གསུམ། །ཨ་རུ་ཀར་བུར་རྟས་བསྒྱུར་ཆུ་སྐོལ་དབུལ། ། ཡང་ན་ཨོལ་མདུད་རྙིང་པ་རྒྱ་ཚྭ་དང༌། །ལྦ་ཚྭ་ཏིག་ཏ་སྤང་རྒྱན་བ་ཤ་ཀ །ཀ་ར་སྦྱར་བ་ལྟོ་སྟོང་བསྟེན་པར་བྱ། ། གོ་བོའི་སྟོད་ཁོག་གཡག་རྒོད་རྟ་དང་རྐྱང༌། །སྤྱང་ཀི་སོ་བྱ་ལ་སོགས་གྲེ་བ་སྣ་ཚོགས། །ཚ་བ་གསུམ་དང་བྲག་ཞུན་ལྦ་ཚྭ་དང༌། །བུར་དཀར་སྦྱར་བ་ལྟོ་སྟོང་ཆུ་སྐོལ་དབུལ། །ཟླ་ཕྱེད་བསྟེན་པས་ལྦ་བ་རྩད་ནས་འབྱིན།

དཔྱད་དུ་དཔུང་རྐེད་རྣ་རྐྱབ་ཝ་རྩ་གཏར། །  རྣ་ཤལ་འོག་དང་ལྦ་མགོ་ཨན་སྟོང་བསྲེག

སྔགས་བཅོས་སྨྲ་བཅད་བཟླས་ཏེ་ཕྱི་ནས་གདབ། །ཨོཾ་ནག་ཏ་རག་ཏ་པུས་པཏ་སྭཱཧཱ། །ཆུ་ལ་བཟླས་ཏེ་ཁོང་དུ་བཏང་བར་བྱ། ། ཨོཾ་མི་ཏི་མི་ཏི་ཤག་ཀྲུག་སྭཱ་ཧཱ། ། ཨོཾ་ཁ་ཁུ་ག་མ་ལ་རཀྟ་ནན། ། ཨོཾ་དམར་མོ་ཛིན་དུ་ཛིན་དུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །ཐོག་མར་དགུ་པ་ལྔ་བརྒྱད་དེ་རྗེས་སྦྲེལ་ནས། །བཟླས་ཤིང་བཏབ་པས་ལྦ་བ་ཐམས་ཅད་འཇོམས།

ལོག་གནོན་ལྦ་བ་ཤིན་ཏུ་བཅོས་དཀའ་སྲ། ། ཚ་ཐུར་རྒྱབ་ལ་རུལ་བཅད་འབྲས་ལྟར་གསོ།

བྱེ་བྲག་རླུང་ལྦ་མེ་བཙའ་སྣུམ་དུགས་བྱ། མཁྲིས་པའི་ལྦ་བ་ཕུག་པས་འཚོ་བར་འགྱུར། ཁྲག་གི་ལྦ་བ་གཏར་དང་བསིལ་ཕྱེ་བསྟེན། བད་ཚིལ་ཝ་བ་སྐྱུགས་དང་རྩུབ་འཆོས་བྱ། འདུས་པའི་ལྦ་བ་ཀུན་གྱིས་གསོ་བ་སྟེ། གཡང་ལྦ་མི་བཅོས་གཡང་ལོན་བྱ་བར་ཤིས།  བྱུར་ལྦ་གདོན་བཅོས་རིམ་གྲོ་རྒྱ་ཆེར་གྱིས། །ཚོགས་བསག་དེ་འོག་གང་ལ་གང་འཚམ་པས་བཅོས། །ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལྦ་བ་བཅོས་པའི་ལེའུ་སྟེ་སོ་གསུམ་པའོ།  ལུས་སྟོད་གསོ་བའི་སྐབས་ཏེ་བཞི་པའོ།། །།

No comments:

Post a Comment