ལེའུ་དོན་གསུམ་པ། བྱིས་པའི་གདོན་གསོ་བ།
དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག
བྱིས་པའི་གདོན་ལ་ངོས་བཟུང་བཅོས་ཐབས་གཉིས། །
དང་པོ་རིགས་རྟགས་གསོ་བ་དཀའ་སླ་བཞི། །
དེ་རིགས་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི། །སྤྲུལ་པ་སྐྱེས་བུའི་གཟུགས་ཅན་རྣམ་པ་ལྔ། །བུད་མེད་གཟུགས་ཅན་བདུན་ཏེ་བཅུ་གཉིས་བཤད། །
དེས་ཟིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །
སྤྱི་རྟགས་རྟག་ཏུ་ངུ་ཞིང་དངང་ལ་འཁུན། །གཉིད་ཆུང་གཡལ་མང་མ་མཆུ་སོ་ཡིས་འདེབས། །མ་ལ་འབྲད་ཅིང་ནུ་མ་ཁ་ནས་འདོན། །གཉའ་ཞིང་མིག་ལྡོག་ལྦུ་བར་སྐྱུག་པ་ཡིན། །
བྱེ་བྲག་རྟགས་ལ་སྐྱེས་བུའི་གཟུགས་ལྔ་ལ། །
སྐེམ་བྱེད་མགོ་རྡེབ་མིག་གཅིག་མཆི་མ་འཛག །རྔུལ་མང་སྐྱིག་ཅིང་སོ་འཆའ་མཇིང་པ་རེངས། །བཤང་ཁ་སྦར་མོས་འཆང་ཞིང་ཞོ་མི་འཐུང་། །ས་ག་གཉིད་མེད་དྲན་ཉམས་ལྦུ་བར་སྐྱུག །ནུ་མ་ལྕེ་ལ་སོ་འདེབས་གནམ་དུ་བལྟ། །ལུག་གདོང་འཁུན་སྦོ་འཁྲུ་སྐྱུག་རྐང་ལག་འདར། །གློ་མང་མིག་དམར་སྐྱིག་ཅིང་ཁུ་ཚུར་འཆང༌། །ཁྱི་གདོང་ལུས་འདར་རྔུལ་འོང་མིག་འཛུམ་ཞིང༌། །རྐན་རྡེབ་འཁྲུ་སྐྱུག་དྲི་མ་ཆེ་བར་འོང༌། །ཡི་དྭགས་དངངས་ཤིང་འཁྲུ་སྐྱུག་བྱེད་པ་དང༌། །གློ་ལུ་གཡལ་མང་ཁ་ཁ་ཤ་ལུས་སྐམ། །
བུད་མེད་གཟུགས་ཅན་བྱ་གདོང་ཚ་བ་སྐྱེ།
།
འཁྲུ་ཞིང་ལྕེ་ཀྱོག་རྐན་ལ་འབྲུམ་ཐོར་འོང༌། །སྲུལ་མོ་འཁྲུ་སྐྱུག་སྐྱིགས་བུ་སྐོམ་དད་ཆེ། །གྲང་བའི་སྲུལ་མོ་ལུས་འདར་མིག་ཟུར་བལྟ། །རྒྱུ་འཁྲོག་ངོས་གཅིག་ཚ་ལ་ངོས་གཅིག་གྲང༌། །སྲུལ་མོ་ལོང་བ་མིག་མི་གསལ་ལ་སྐྲངས། །འཁྲུ་སྐྱུག་ཚ་སྐྱེ་གློ་ལུ་ཞོ་མི་འདོད། །བཞིན་རྒྱས་བཞིན་མཛེས་ཚ་སྐྱེ་ཟས་མི་འདོད། །ལྟོ་ལ་རྩ་ཡི་དྲ་བ་ནག་པོས་ཁྱབ། །ནམ་གྲུ་སྔོན་པོར་འཁྲུ་ལ་སྐྱིགས་བུ་འོང༌། །ཁ་ཡོ་ཚ་བ་སྐྱེས་ལ་ལྤགས་མདོག་སྔོ། །ནམ་གྲུ་སྐེམ་པོ་ཚ་བ་སྐྱེ་བ་དང་། ། སྐྲ་འབྱིད་སྐད་ཆུང་ཁ་དོག་སྣ་ཚོགས་འཁྲུ། །
ལས་མཁན་ཕོ་ཉ་རྒྱལ་པོ་བསེན་མོ་གཉིས། །
རྒྱལ་པོ་དངངས་འདར་མིག་ལྡོག་ཐོ་རངས་ངུ་། །བསེན་མོ་བྱིང་འཐིབས་ཚ་སྐྱེ་སྲོད་དུས་ངུ་། །
གསོ་བ་དཀའ་སླ་སྲོག་འདོད་ཡས་འདོད་གཉིས། །
བཙས་སྐར་ངན་དང་ཁ་བུབ་ནམ་ཕྱེད་བཙས། །ཡ་རྐན་ནག་ལ་ཁ་དོག་སྣ་ཚོགས་འཁྲུ། །ཟས་དང་ནུ་མ་མི་འདོད་མཚན་མོ་ངུ་། །སྲོག་འདོད་གདོན་དེ་གསོ་བ་དཀའ་བ་ཡིན། །
ཁ་སྐམ་ལྕེ་ཡིས་མཆུ་ལ་མྱུལ་བ་དང༌། །ཟས་སྐོམ་འདོད་ལ་བྱིན་ན་ཟ་རྒྱུ་མེད། །ཡས་འདོད་གདོན་དེ་གསོ་བ་སླ་བ་ཡིན། །
གསོ་བའི་ཐབས་ལ་ཞི་དང་དྲག་པོ་གཉིས། །
དང་པོ་ཡས་གླུད་གཏོར་མ་ཞི་བས་བཅོས། །
གནས་མལ་འཁྲུས་བྱུག་གདགས་བདུག་སྨན་ཟས་བདུན། །
གནས་མལ་གདོན་མེད་དབེན་པར་བགེགས་བསྐྲད་ལ། །དོང་ག་སྒྲོན་ཤིང་ཨ་བ་ཀ་རཉྫ། །ནིམ་པ་ལྕམ་པ་ཆུ་དྲོན་ཁྲུས་ཀྱིས་བཀྲུ། །ཤུ་དག་རིན་ཆེན་བསེ་རུ་གནས་གསུམ་གདགས། །བ་ལང་རུས་སྤུ་ར་ཕག་བྱི་ལའི་བྲུན། །ར་སྤུ་ཡུངས་དཀར་མི་སྐྲ་རྨ་བྱའི་སྒྲོ། །སྲན་ཕུབ་སོ་བ་མར་རྙིང་ཕ་ཝང་བྲུན། །ཧོང་ལེན་སོ་ཆ་ཐང་ཤིང་ཨ་བ་སེ། །ནིམ་པ་གུ་གུལ་ཀཎྜ་ཀ་རི་གཉིས། །ར་ཐུག་གཅིན་སྦྱར་རེང་བུའི་དུད་པས་བདུག །རྩ་བ་ལྔ་དང་ར་སྣ་མཱུ་ལ་དང་། །གླ་སྒང་ཙི་ཏྲ་ཀ་དང་ཚ་བ་གསུམ། །བ་སྤྲུ་ཤིང་མངར་ཤིང་ཀུན་མོན་ཆ་ར། །སྒྲོན་ཤིང་དུག་མོ་ཉུང་དང་བྱི་ཏང་ག །པི་པི་ལིང་གི་རྩ་བའི་སྨན་མར་སྦྱར། །ཁོང་དུ་བཟའ་ཞིང་ལུས་ལ་བྱུག་པ་བྱ།
།གདོན་འཇོམས་སྟོབས་དང་ཁ་དོག་མེ་དྲོད་སྐྱེད། །
ཁ་ཟས་ཤ་ཆང་ཁྲག་ཚོད་སྤང་བར་བྱ། །དཀར་གསུམ་བཟའ་ཞིང་ཆ་གསུམ་གཏོར་མས་མཆོད། །ཆབ་གཏོར་བཏང་ཞིང་གཟུངས་ཆེན་གྲ་ལྔ་འདོན། །གཏོར་མ་འདོད་པའི་གདོན་རྣམས་དེ་ཡིས་འཚོ། །
དེས་ཀྱང་མ་སོས་ལས་ལ་སྦྱར་བར་བྱ། །དྲག་སྔགས་བྲབ་ཅིང་མནན་བསྲེག་འཁོར་ལོ་བསྐོར། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱིས་པའི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གསུམ་པའོ།། །།
No comments:
Post a Comment