ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།

ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།

   དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

རྣམ་ཤེས་སྨྱོ་བྱེད་ནད་ལ་རྒྱུ་རྐྱེན་དང༌།

དབྱེ་བ་རྟགས་དང་བཅོས་ཐབས་བཞི་ཡིས་བསྟན།

  རྒྱུ་རྐྱེན་སྙིང་སྟོབས་ཞན་ལ་མྱ་ངན་དང༌། །ཡིད་མི་བདེ་དང་སེམས་ལས་ཆེས་པ་དང༌། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་བྱས་ཏེ། །ཉེས་པ་འཁྲུགས་པས་རྣམ་ཤེས་རྒྱུ་གནས་ཞུགས། །ཡིད་ཀྱི་ལམ་ལོག་དྲན་ཉམས་སྨྱོ་བར་འགྱུར། དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་དང༌། །ཡིད་གདུང་དུག་གདོན་ལས་གྱུར་བདུན་དུ་བཤད།

   དེ་རྟགས་རླུང་གྱུར་ཤ་སྐམས་ལྦུ་བར་སྐྱུག །མང་དུ་སྨྲ་ཞིང་ངུ་འབྲོས་བྱེད་པ་དང༌། །མིག་སྤྲིན་དམར་ལ་ཁ་ཟས་ཞུ་ནས་ལྡང༌། །མཁྲིས་གྱུར་ཁྲོ་བརྡེག་བསིལ་འདོད་མིག་ཆུ་སེར། །མེ་དང་སྐར་མ་མིག་སྔར་མཐོང་བར་བྱེད། །བད་ཀན་རློན་ཞིང་སྨྲ་ཉུང་ཡི་ག་འཆུ། །གཉིད་ཆེ་སྣབས་དང་ཁ་ཆུ་མང་དུ་འཛག །འདུས་པ་ལས་ནི་ཀུན་རྟགས་སྟོན་པར་བྱེད། །ཡིད་གདུང་དྲན་སྐྱེན་དུས་ལྡང་སེམས་མི་བདེ། །དུག་གིས་མདངས་ཉམས་སྟོབས་ཆུང་སེམས་འཁྲུལ་བྱེད། །གདོན་གྱུར་གང་གནོད་སྤྱོད་པར་འགྱུར་བའོ།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས།

   དང་པོ་ཡིད་འཇུག་བུ་གའི་ལམ་བསལ་ཕྱིར། །བསྐུ་མཉེ་ལུམས་བྱ་སྐྱུགས་ཁྲུས་གཏར་བས་སྦྱང་། །འབྲས་བུ་གསུམ་དང་ཧ་རེ་ཎུ་ཀ་དང༌། །སྒྲོན་ཤིང་ཐལ་ཏྲེས་ཡུང་སྐྱེར་པརྞི་གཉིས། །རྒྱ་སྤོས་རུ་རྟ་སྟག་ཚེར་པྲི་ཡངྐུ། །ནཱ་ག་གེ་སར་ད་ལིས་དོང་ག་བཙོད། །སེ་འབྲུ་བྱི་ཏང་ག་དང་ཀ་ཀོ་ལ། །དབྱི་མོང་ཨུཏྤལ་ཙན་དན་ཤུག་པ་རྣམས། །མར་རྙིང་དགེ་བའི་སྨན་མར་ཞེས་བྱ་སྟེ། །རོ་ཙ་བུ་བསྐྱེད་ལུས་རྒྱས་སྨྱོ་བྱེད་འཇོམས།

   ཁྱད་པར་རླུང་ལས་གྱུར་ལ་འཇམ་རྩི་བྱ། །བོང་ང་ཞོ་གཅིག་ཆང་དུ་སྦངས་ལ་བཏགས། །ཨ་རུ་དྲུག་འགྱུར་ཕྱེ་མ་ཆུ་ལ་བསྡུས། །མར་བསྐོལ་བཟང་དྲུག་བུ་རམ་བཏབ་སྟེ་བསྟེན། །ཐབས་དང་མི་ལྡན་ཚེ་ཡི་བར་ཆོད་འགྱུར། །ཡང་ན་བྱ་ཁྱུང་ལྔ་པ་ཛཱ་ཏི་མཉམ། །རིལ་བུ་བྱས་ཏེ་གཅིག་གཉིས་གསུམ་བསྐྱེད་བསྟེན། །ཛཱ་ཏིའི་མར་དང་རུས་ཆེན་སྨན་མར་དང༌། །ལོ་ཤ་ལོ་མར་ཤ་ཆེན་གར་ཆང་བསྟེན། །ཨ་རུ་ཚ་བ་གསུམ་དང་ཙི་ཏྲ་ཀ །འུ་སུ་ལ་ལ་ཕུད་དང་ཁ་རུ་ཚྭ། །རྒྱམ་ཚྭ་བུ་རམ་སྦྱར་བའི་ཕྱེ་མ་བསྟེན། །རླུང་གསང་རྣམས་སུ་མེ་དང་ཐུར་མ་བྱ།

   མཁྲིས་གྱུར་དནྡ་དུར་བྱིད་གསེར་མེ་ཏོག །ཨ་རུ་ར་དང་པི་པི་ལིང་གིས་སྦྱང༌། །ཏིག་ཏ་མ་ནུ་རུ་རྟ་བ་ཤ་ཀ །ཧོང་ལེན་གུར་ཀུམ་སྐྱུ་རུའི་ཕྱེ་མ་བཏང༌། །སྙིང་རྩ་གཏར་ཞིང་ཏིག་ཏའི་སྨན་མར་སྦྱར། །ཟས་སུ་ལུག་ཤ་རྔ་བྲན་ཤ་གསར་བསྟེན།

  བད་གྱུར་སྤྱང་ཚེར་སྒེ་གཤེར་པོ་སོ་ཆ། །བ་ཡི་འོ་མར་སྦྱར་ལ་སྐྱུག་ཏུ་གཞུག །རྩུབ་པའི་ཟས་སྨན་མེ་ཐུར་བསྟེན་པ་དང་།

  འདུས་པ་ལ་ནི་ཀུན་གྱི་གསོ་སྦྱར་བྱ། །ཡིད་གདུངས་ཆོས་ནོར་གཏམ་སྙན་གྲོགས་ཀྱིས་གསོ། དུག་ལ་དཔའ་སེར་བོང་ང་དཀར་དམར་རྩད། །རེ་རལ་ཡུང་བ་དྲི་ཆུའི་རིལ་བུ་བསྟེན། གདོན་གྱུར་བྱི་ལ་ར་ཐུག་འུག་པ་ཝ། །གཅིན་རྟུག་མཁྲིས་སེན་སྤུ་ལྤགས་སྤོས་སྦྱར་བདུག །ཅེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨྱོ་བྱེད་ཀྱི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་བརྒྱད་པའོ།། །།


No comments:

Post a Comment