ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།
དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གླང་ཐབས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །
རྒྱུ་རྐྱེན་མ་ཞུ་བ་དང་མི་འཕྲོད་ཟས། །རྔུལ་གྲང་སྲིན་འཁྲུགས་གདོན་ལས་འབྱུང་བར་བྱེད། །
དབྱེ་བ་གནས་དང་ནད་རིགས་རྣམ་པ་གཉིས། །
གནས་ནི་དོན་གླང་སྣོད་གླང་རྩ་གླང་གསུམ། །དོན་གླང་མཆིན་གླང་མཆེར་གླང་རྣམ་པ་གཉིས། །སྣོད་གླང་ཕོ་བ་རྒྱུ་མ་ལོང་དང་གསུམ། །རྩ་གླང་ཕྱི་རྩ་ནང་རྩའི་གླང་ཐབས་གཉིས། །
རིགས་ནི་ཚ་གྲང་སྲིན་དང་གཉན་གླང་བཞི། ། ཚ་གླང་མཆིན་མཆེར་གཉིས་ཀྱི་ཁྲག་འཁྱགས་དང༌། །ཁྲག་དང་མཁྲིས་པ་ཕོ་ལོང་ལྷུང་ལས་འབྱུང༌། །གྲང་གླང་ཕོ་བར་མ་ཞུ་ལྷུང་བ་དང༌། །རྒྱུ་ལོང་ནང་དུ་ཐུར་སེལ་འཁྱིལ་ལས་འབྱུང༌། །སྲིན་གླང་ཕོ་ལོང་གཉིས་སུ་སྲིན་འདྲིལ་ལ། །གཉན་གླང་ཕོ་བ་རྒྱུ་མར་གཉན་བབས་པའོ། །
དེ་རྟགས་མཆིན་གླང་གཡས་ངོས་མཆིན་སྟེང་གཟེར། །རྔུལ་གྲང་རྗེས་ལ་ནད་ལྡང་རྩ་ཆུ་ཚ། །མཆེར་གླང་མཆེར་སྟེང་རྩིབ་ཐུང་གཟེར་བ་དང༌། །སྦོ་འཁྲོག་བྱེད་ཅིང་ཆུ་གྲང་འཐུངས་ན་ན། ། ཕོ་བ་གླང་ཐབས་ལྷེན་སྣའི་འོག་ཏུ་ན། །རྒྱུ་མའི་གླང་ཐབས་ལྟེ་བའི་འོག་ཏུ་ན། །ལོང་གླང་ལྟེ་བའི་གཡས་གཡོན་ཐད་ཀར་ན། །
ཚ་གླང་རྒྱུ་རྐྱེན་ཚ་བས་བསླང་བ་དང༌། །ལུས་རྔུལ་གསུས་པ་ཆུང་ལ་ལྡང་དུབ་བྱེད། །ཁྲག་གམ་མཁྲིས་པ་འཁྲུ་སྐྱུག་རྩ་ཆུ་ཚ། །ཁྱད་པར་ཕོ་བ་ལོང་དུ་ཁྲག་ལྷུང་ན། །གྲང་རྗེས་ན་ཞིང་སྒྲེག་ལ་སྐྱུག་ཚུལ་སྟོན། །རོ་རྒྱབ་མཆིན་དྲི་སྦྲག་ཅིང་ཚ་རུམ་བྱེད། །མཁྲིས་པ་ལྷུང་ན་ཁ་སྐམ་སྐོམ་དད་ཆེ། །ཁ་ཁ་མཁྲིས་པར་སྐྱུག་ཅིང་གཟེར་འབྱུང་སྒྲེག །
གྲང་གླང་རྒྱུ་རྐྱེན་གྲང་བས་ལྡང་བ་ལ། ། སྦོ་ལྡེང་ལྡང་དུབ་མེད་པར་ཐེར་ཟུག་ན། ། མ་ཞུ་བད་ཀན་སྐྱུག་ཅིང་གྲང་རྔུལ་བྱེད། །ཁྱད་པར་མ་ཞུ་མི་འཕྲོད་ཟོས་རྗེས་ལྡང༌། །རུས་སྒྲེག་མང་ཞིང་སྐྱུག་ལ་ཟོས་ཐོག་ན། །ལོང་དུ་སྨུག་པོ་འཐབ་པའི་གླང་ཐབས་ནི། །ཐུར་རླུང་མི་ཐོན་ཕར་འབོར་ཚུར་འབོར་རྒྱུ། །འགྲངས་དང་མཚན་མོའི་དུས་སུ་ཁྱད་པར་ན། །ལྟོགས་ཤིང་ཉིན་མོའི་དུས་ན་ཅུང་ཟད་བདེ། ། རྒྱུ་མར་ཐུར་སེལ་འཁྱིལ་བས་ཕྱེན་མི་ཐོན། ། གྱེན་དུ་འཁྱིལ་ཞིང་སྦོ་འཁྲོག་ཧྲིལ་ཧྲིལ་ན། །ཚབས་ཆེ་རླུང་གིས་གཅུས་ཤིང་འཁྲིལ་ན་སྤང༌། །
ཕོ་ལོང་སྲིན་གླང་དཀར་མངར་གྲང་རྗེས་ན། །དྲུ་བུར་འདྲིལ་ལམ་ཚ་ལ་འབུགས་སྙམ་བྱེད། །ལྡང་དུབ་ཆེ་ལ་ལངས་དུས་སྲན་གླགས་མེད། །ཕོ་བ་རྒྱུ་མར་གཉན་བབས་གྲིས་དཀྲུགས་འདྲ། །ཕོ་བ་སྒྲིམས་ལ་ཉྭ་འབྲོས་བ་སྤུ་ལྡོག །རྩ་འཇུར་རྣ་བ་སླེབ་ཅིང་རྫི་མ་ཆག །
ཕྱི་རྩ་གླང་ཐབས་ལྟེ་བའི་ཟུར་གཉིས་འཕར། །ནང་རྩ་གླང་ཐབས་སྲོག་རྩ་གཟེར་འཁྲུག་འཕར། །
བཅོས་ཐབས་མཆིན་གླང་གྲོག་ཞིང་བསྲོས་པས་བདུག །དྲི་ཆུར་བྲག་ཞུན་བ་ཤ་ཀ་སྦངས་བཏང༌། །གུར་ཀུམ་བདུན་དང་ཅུ་གང་བརྒྱད་པ་སྦྱར། །རུ་ཐུང་རྩ་ལ་གཏར་ལ་ཁྲག་ཤེད་བཅག ། མཆེར་གླང་སེ་འབྲུ་རྒྱམ་ཚྭ་བཞི་ཐང་བཏང༌།། མ་ནུ་སེ་འབྲུ་སུག་སྨེལ་འཕུལ་ལ་བྱིན། །ཡོས་སམ་སྲན་ཕུབ་དུགས་བྱ་མཆེར་རྩ་གཏར། །དེ་གཉིས་ཞི་དཀའ་ལྕུམ་རྩའི་ཐང་གིས་སྦྱང༌། །
སྣོད་གླང་གང་ཡང་དཔྱད་མཆོག་སྦྱོངས་ཡིན་པས། ། སྟར་བུ་དུང་ཐལ་སྦྲུལ་ཤ་རྒྱམ་ཚྭ་དང༌། །དུར་བྱིད་བུ་རམ་དྲི་ཆུའི་རིལ་བུས་སྦྱང༌། །སྣོད་དུ་ཁྲག་མཁྲིས་མ་ཞུ་ལྷུང་བ་འདོན། །ཁྱད་པར་ཕོ་གླང་སྐྱུགས་ལ་རྒྱུ་མ་བཤལ། །ལོང་གླང་ནི་རུ་ཧ་ཡིས་དྲང་བར་བྱ། །
ཚ་གླང་དུགས་གཏར་ཐང་ཕྱེ་སྦྱོངས་ཀྱིས་བཅོས། །མཆིན་ཁྲག་ཕོ་བར་ལྷུང་ན་སྦྱང་བ་གཅེས། །རུ་ཐུང་གཏར་ཞིང་ཡོས་སམ་ཆུ་རྡོས་བདུག བྲག་ཞུན་དོམ་མཁྲིས་གུར་ཀུམ་སྦྱར་ལ་བཏང༌། །མཁྲིས་པ་ལྷུང་ན་གཡའ་ཀྱི་སྦྱོངས་སྐྱུགས་སྦྲག །རྗེས་ལ་སེ་འབྲུ་བདུན་པ་སྦྱར་བར་བྱ། །
གྲང་གླང་དུགས ཐང་ཕྱེ་མ་བསྲེག་པས་བཅོས། ། མ་ཞུ་ལྷུང་ན་སྐྱུགས་རྗེས་དྲོད་སྨན་སྦྱར། །སྨུག་པོ་འཐབ་ལ་རུ་རྟ་དྲུག་པ་དང༌། ། ཆུ་ལོ་ཧ་བོའི་དུགས་བསྟེན་རུ་ཐུང་གཏར། ། ལྟེ་ཟུར་གཉིས་བསྲེག་ནི་རུ་འཇམ་རྩི་སྤེལ། །རྒྱུ་མར་རླུང་འཁྱིལ་མེས་བསྲོ་བཀྲུ་འཇམ་བཏང༌། །ཤིང་ཀུན་བཞི་པའི་ཕྱེ་མ་ཆང་གིས་དབུལ། །
སྲིན་ལ་རྒྱ་ཚྭ་དྭ་བའི་རྩ་བའམ། །ཤུ་ཏི་བུ་རམ་སྦྱར་བའི་རིལ་བུའམ། །ལང་ཐང་ཙེའམ་ཐང་ཕྲོམ་སྒོག་སྐྱའམ། །དཀར་པོ་ཆིག་ཐུབ་དྲི་ཆུར་སྦྱར་བས་འཇོམས། །རྟ་སྦངས་ཕུར་མོ་སྤྲུ་རྩའི་དུགས་ཀྱིས་བདུག །གཉན་གླང་ལྷོག་དུག་གསུམ་གྱི་སྦྱོར་བའམ། །བྱ་ཁྱུང་རིལ་བུས་བསད་རྗེས་རྒྱལ་བློན་སྔོན་བུ་སྦྱར། །
རྩ་གླང་རྐེད་པ་བཅག་ཅིང་རྩ་བཞི་བཅིང༌། །བཤལ་གཏར་ཚད་སྦྱང་མེ་ཡིས་རླུང་ལམ་དགག །མང་དུ་ཕྱེ་ལ་ནད་ངོས་མ་འདྲེས་ཟུངས། །ཉུང་དུ་བསྡུས་ལ་ལག་ལེན་གཉིས་སུ་དྲིལ། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླང་ཐབས་བཅོས་པའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།
No comments:
Post a Comment